༄༅། །གྲུབ་དབང་ཤར་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཀྱི་ལོ་རྒྱུས་མདོར་བསྡུས། །
biography in tibetan version
 

 

༈ བསིལ་ལྡན་གྱི་ཕྲེང་བས་དཀྲིགས་པའི་འཛམ་གླིང་སྒེག་མོའི་ཟུར་ཕུད་འཕགས་མཆོག་པད་དཀར་འཆང་གི་འདུལ་ཞིང་དུ་སངས་རྒྱས་དང་བྱང་ཆུབ་སེམས་པའི་སྤྲུལ་པ་ཟམ་མ་ཆད་པར་བྱོན་པ་ལས། འདིར་གྲུབ་དབང་ཤར་སྤྲུལ་རིན་པོ་ཆེ་སྤྱིར་རྒྱལ་བསྟན་བྱེ་བྲག་སྔ་འགྱུར་རྙིང་མ་ཡི་རིང་ལུགས་འཛིན་པ་ལ་གཞན་འབྲིང་མི་འཇོག་པའི་ཕྱག་རྗེས་ཆེ་བ་གྲུབ་དབང་རིན་པོ་ཆེའི་སྐྱེས་རབས་ཀྱི་ལོ་རྒྱུས་ཅུང་ཟད་བརྗོར་པར་བྱ་སྟེ། སེམས་དཔའ་ཆེན་པོ་འདི་ཉིད་ཀྱི་རྣམ་པར་ཐར་པ་བདག་ལྟ་བུའི་སྨྲ་བར་མི་ནུས་ཀྱང་། ཐུན་མོངས་ཀྱི་སྣང་ཚུལ་དང་མཐུན་པའི་སྒོ་ནས་རྣམ་པར་ཐར་པ་རག་བསྡུས་ཙམ་གླེང་བའི་དབང་དུ་བྱས་ན།

1st Shartul Rinpoche གང་ཉིད་བསྐལ་པ་དུ་མའི་སྔ་རོལ་ན་མཚན་ཐོས་པ་ཙམ་གྱིས་ཀྱང་ངན་འགྲོའི་འཇིགས་ལས་སྐྱོབ་པའི་བདེ་གཤེགས་སྟོབས་ལྡན་དུ་མངོན་པར་བྱང་ཆུབ་བརྙེས་ཟིན་ཡང་། སླར་ཡང་མཐའ་ཡས་སྲིད་པའི་མཚོར་དུབ་པའི་འགྲོ་བ་མཐའ་དག་བསྒྲལ་བའི་སླད་དུ་སྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་རིན་པོ་ཆེ་འདིར་ཡང་འཕགས་པའི་ཡུལ་དུ་སློབ་དཔོན་ཐོ་བཙུན་གྲུབ་རྗེ་དང་། པཎ་ཆེན་ན་རོ་པ། བོད་དུ་ཆོས་རྒྱལ་ཐོ་རི་གཉན་བཙན། རིག་འཛིན་རྗེ་འབངས་ཉེར་ལྔའི་གྲལ་སོག་པོ་ལྷ་དཔལ། མཉམ་མེད་དྭགསཔོ་བཟང་པོ་རྡོ་རྗེ་སོགས། སྣ་ཚོགས་འདུལ་བྱའི་མོས་ངོར་གང་འདུལ་ཆུ་ཟླའི་རོལ་པར་མཛད་པ་ཅི་ཡང་བསྒྱུར་ནས་སླར་ཡང་ཟབ་གསང་སྙིང་པོའི་ཐེག་པ་འོད་གསལ་རྫོགས་ཆེན་གྱི་བསྟན་པ་གཞི་དབྱིངས་སུ་སྒྲེང་བའི་སླད་དུ་བསམ་བཞིན་དུ་སྒྱུ་མའི་གཟུགས་སུ་བྱོན་པ་སྟེ། རྒྱལ་རབས་རིམ་བྱོན་གྱིས་མངའ་དབང་བསྒྱུར་བའི་ཞིང་མཆོག་རིགས་གསུམ་མགོན་པོའི་སྤྲུལ་པ་བར་མེད་བྱོན་པའི་མངའ་འབངས་ལོངས་སྤྱོད་ཆོས་བཞིན་སྐྱོང་བར་བྱེད་པའི་འབྲུག་གསང་སྔགས་ཆོས་གླིང་གི་ཉེ་འགྲམ་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། འབྲུག་གསང་སྔགས་ཆོས་གླིང་དུ་གསན་བསམ་དང་ཉམས་ལེན་ཁོ་ན་གནང་བས་ཆོས་ཉིད་ཟད་སར་ཕྱིན་ཏེ་རྟོགས་པ་མངོན་དུ་གྱུར།

དེ་ཡང་སྔོན་གྱི་འདུལ་ཞིང་དུས་ལ་བབས་པ་དང་ཁྱད་པར་ཨུ་རྒྱན་ཆེན་པོ་བསླུ་མེད་རྡོ་རྗེས་ལུང་གི་ཡང་ཡང་བསྐུལ་བར་བརྟེན། འགྲོ་དོན་བོད་དུ་ཡོད་པར་དགོངས་ནས་གངས་ཅན་གྱི་གནས་ཆེན་ཁག་ཏུ་ཞབས་ཀྱིས་བཅགས་ཏེ། མཐར་མདོ་ཁམས་ཟལ་མོ་སྒང་གི་ཆར་གཏོགས་ཤོ་རྟ་ལྷོ་གསུམ་གྱི་ནང་ཚན་དཔལ་འབར་རྫོང་ཁོངས་སུ་ཕྱག་ཕེབས་གྲུབ་པར་རྫོང་དཔོན་གྱིས་ཚད་མེད་པའི་བཀུར་བསྟི་དང་བཅས་དབུ་ཡི་མཆོད་གནས་སུ་བཞུགས་སུ་གསོལ། དེའི་སྐབས་ཆབ་མདོ་ས་དབང་ཆེན་མོ་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཕེབས་སྐབས་སུ་ས་དབང་ཆེན་མོ་མཇལ་བར་བཅར་བར་ས་དབང་ཆེན་མོ་བཞུགས་ཁྲིར་འཁོད་དེ། གྲུབ་དབང་ཉིད་ནས་གུས་ལུགས་ཀྱིས་ཕྱག་ཕུལ་བས་དམ་པ་ཉིད་ཀྱི་མགུལ་ནས་སྦྲུལ་དཀར་སེར་དམར་ལྗང་གསུམ་ཉིལ་ཉིལ་ཐོན་པ་མཐོང་བས། ས་དབང་ཆེན་མོའི་ཐུགས་སུ་ཞེད་སྣང་ཚད་མེད་དང་བཅས་ཁྲི་ལས་བབས་ཏེ་ཁོང་གི་ཁྲི་ཐོག་ཏུ་གང་ཉིད་བཞུགས་སུ་གསོལ། ཉི་ཤར་ཟེར་བའི་ས་ཆ་མཐའ་རྒྱ་རི་སྐོར་ཚང་མ་ཕུལ། གང་དེར་དམ་པ་ཉིད་ཀྱིས་དབེན་གནས་སྒོམ་སྒྲུབ་གནང་ཡུལ་གསར་དུ་བཞེངས། སྐུ་ཚེ་ཧྲིལལ་པོར་སྐུ་མཚམས་ཁོ་ན་བཞུགས་ཏེ་འཁོར་བུ་སློབ་ཉམས་རྟོགས་དང་ལྡན་པ་སུམ་ཅུ་ཙམ་སྐྱོངས། དཔལ་འབར་སྤྲུལ་སྐུ་དང་རྒྱ་སྟོན་སྤྲུལ་སྐུ་སོགས་ཚད་མའི་སྐྱེས་བུ་དུ་མས་མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་པའང་ཡིན་ཞེས་གསུངས།

རྡོ་ཀ་མ་རུ་པ་ལས་རྗེ་བཙུན་མི་ལ་རས་པའི་སྐུ་གཟུགས་ཕྱག་གིས་བཟོས་ཏེ་གྲུབ་པའི་རྟགས་བསྟན་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་ལྟ་བུའི་བསྟན་དང་འགྲོ་བ་དོན་རླབས་པོ་ཆེ་སྒྲུབས་ཏེ་མཐར་དགུང་ལོ་བརྒྱད་བཅུའི་ཐོག་འཇའ་ལུས་གཤེགས།


2st Shartul Rinpoche སྐུ་ཕྲེང་གཉིས་པ་ཤར་སྤྲུལ་འགྱུར་མེད་གར་དབང་རྒྱ་མཚོ་ནི་བོད་ཆེན་པོའི་ལྗོངས་ཀྱི་ཁམས་ཉི་ཤར་ཞེས་པའི་ནོར་འཛིན་གྱི་དྭངས་མ་རུ། ཞིང་སྐྱོང་རྒྱལ་བ་ཐོད་དཀར་གྱི་ལྷ་རྒྱུད་མི་ལས་ཆད་པ་ཡབ་སྔ་འགྱུར་རྙིང་མའི་ཆོས་རྒྱུད་འཛིན་པ་མཆོག་གི་སྤྲུལ་པའི་སྐུ་གསང་སྔགས་ཞེས་པ་དང་། ཡུམ་ཡང་དམ་པའི་ཆོས་ཁོ་ན་ཐུགས་བརྩོན་གནང་བ་སྐུ་ཕྱག་ཕུལ་བས་མཆོད་ཁང་གི་སྤང་ལེབ་ཕྱག་གིས་རྗེས་དོད་པ་དད་བརྩོན་ཤེས་རབ་ཁྱིམ་བདག་འབྱོར་བ་དང་ལྡན་པ་འབྲོང་རི་ཚང་གི་སྲས་མོ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་སྲས་སུ་ངོ་མཚར་ཆེ་བའི་ལྟས་དང་བཅས་སྐུ་འཁྲུངས། སྐུ་འཁྲུངས་པའི་ཉིན་ཆོས་དུང་གི་སྒྲ་ལན་གསུམ་བསྒྲགས་པ་དང་ཆབ་འོ་མ་འགྱུར་བ། དགུན་དཀྱིལ་དུ་མེ་ཏོག་སེར་ཆེན་སྐྱེས་པ་སོགས་ངོ་མཚར་ཆེ་བའི་ལྟས་སྣ་ཚོགས་བྱུང་། དགུང་ལོ་གསུམ་གྱི་ཐོག་ཏུ་ཉི་སྤྲུལ་ལྔ་པ་བསྟན་འཛིན་ཕྲིན་ལས་དབང་ཕྱུག་མཆོག་གིས། ཤར་སྤྲུལ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཤར་སྤྲུལ་འགྱུར་མེད་གར་དབང་རྒྱ་མཚོ་ཞེས་མཚན་གསོལ།

སྔ་འགྱུར་བརྒྱུད་ལུང་མན་ངག་ཟབ་ཁྲིད་དང་ཉི་གྲགས་ཀྱི་ཆོས་བསྐོར་ཡོངས་རྫོགས་དབང་ཁྲིད་བསྩལ། དེ་ནས་དཔལ་འབར་སྤྲུལ་སྐུ་དང་རྒྱ་སྟོན་སྤྲུལ་སྐུ་སོགས། རིས་མེད་ཀྱི་ཚད་མའི་ས་དགེ་བཀའ་རྙིང་གི་སྐྱེས་བུ་དུ་མའི་ཞབས་སུ་བསྟེན་ཏེ་གསན་བསམ་ཕྱོགས་མེད་གནང་། གདན་ས་རྒྱ་སྟོན་ས་སྟེང་ཕོ་བྲང་དགོན་དུ་གཏན་འཁེལ་བཞུགས་རྒྱུ་ཐུགས་ཐག་བཅད་དེ་སྔར་གྱི་སྐུ་གོང་མའི་རི་ཁྲོད་དང་བཅས་པའི་དབུ་བླ་གནང།

དེ་ཡང་དམིགས་གསལ་དགོན་འདིའི་ལོ་རྒྱུས་ཅུང་ཟད་བརྗོད་ན། མདོ་ཁམས་ཟལ་མོ་སྒང་གི་ཆར་རྒྱལ་སྟོན་རྫོང་ཞེས་པ། མི་སྡེ་ལྡེང་ཁག་དགུ་དང་ལྷ་སྡེ་དགོན་ཁག་བཅུ་གསུམ་ཞེས་པའི་ནང་ཚན་ཤོག་བཅུ་ལྡིང་འོག་ཕོ་བྲང་དགོན་ནམ། སྔ་འགྱུར་འོད་གསལ་བཤད་སྒྲུབ་དར་རྒྱས་གླིང་ཞེས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་ཆགས་པའི་ས་ཆ་ནི། སྔོན་གླིང་རྗེ་གེ་སར་ཕྱོགས་ཀྱི་རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབས་ཏེ་བདུད་ཆེན་བཞི་བཏུལ་སྐབས་སུ་གཙང་རྣམ་གླིང་ཞེས་པའི་ཡུལ་ནས་ཤོར་བའི་བདུད་ཁོལ་མོ་རུ་ཏྲ་ཞེས་པ་དེ་བཏུལ་བའི་ས་ཆ་ཡིན་པས་རོང་ཕྲུག་ཨ་ནུ་སེང་ཕྲན་གྱིས་སྤྲུལ་པ་ཞིག་གིས་དགོན་སྡེ་ཞིག་ཕྱག་འདེབས་པའི་ལུང་བསྟན་ཡོད་པ་བཞིན། འགྲོ་མགོན་གླིང་རྗེ་རས་པའི་དངོས་སློབ་རྒྱ་སྟོན་ཆོས་རྗེ་བཟང་པོས་ཕྱག་བཏབ་སྟེ་དམ་པ་ཉིད་རོང་ཕྲུག་སེང་ཕྲན་གྱི་སྤྲུལ་པ་ཡིན་ཞེས་གྲགས། བདུད་ཁོལ་མོ་རུ་ཏྲ་བཏུལ་བའི་གནས་ཡིན་པ་ན་དགོན་གྱི་ཐོག་མའི་མིང་ལའང་ཁོལ་རུང་དགོན་ཞེས་སུ་གྲགས། རྒྱལ་སྟོན་སྤྲུལ་སྐུ་བློ་བཟང་ལེགས་པའི་དུས་སུ་རིགས་འཛིན་གཏེར་ཆེན་ཉི་མ་གྲགས་པ་བརྒྱུད་རྒྱ་སྟོན་རྫོང་ལྷ་སྡེ་མི་སྡེ་ཡོངས་སུ་རྫོགས་པ་གོང་ས་ལྔ་པའི་ཕྱག་ཏུ་འབུལ་གནང་མཛད། སྐབས་དེ་དུས་ནས་བཟུང་རྒྱལ་སྟོན་རྫོང་དཔོན་ལ་རྩེ་དྲུང་ཞིག་གི་འཐོབ་བསྩལ་བ་དང་། ལྔ་པའི་ཤེལ་བམ་དྲུག་པའི་རྩ་ཚིག་བདུན་པའི་རྒྱབ་གནོན་སོགས་མཐིང་གི་ཤོག་བུ་ལ་གསེར་གྱི་ཞུན་མས་བྲིས་པའི་བཀའ་རྒྱ་རྣམས་བསྩལ།

རྒྱ་སྟོན་སྤྲུལ་སྐུ་བློ་བཟང་ལེགས་པའི་གདན་ས་བདེ་སྟེང་དགོན་དེ་ཉིད་གཞུང་དགོན་དུ་རྩིས་ནས་ཕོབ་ཐོབ་ཀྱི་གྲྭ་དྲུག་ཅུ་སྐེད་གཟན་བརྒྱད་ཅུ་བཅས་སྡོམས་གྲྭ་བརྒྱ་དང་བདུན་ཅུ་ཙམ་ཡོད་པར་གྲགས། སྐབས་དེ་དུས་ཁོལ་རུང་དགོན་དེ་ཉིད་རིགས་འཛིན་ཉི་མ་གྲགས་པའི་འཛིན་སྐྱོང་གི་ཁྱབ་ཁོངས་སུ་འགྱུར་ཏེ་དགོན་པའི་མཚན་ཡང་ཕོ་བྲང་དགོན་དུ་བསྒྱུར། དེའི་རྗེས་སུ་ཉི་སྤྲུལ་སྐུ་ཕྲེང་ལྔ་པ་བསྟན་འཛིན་ཕྲིན་ལས་དབང་ཕྱུག་མཆོག་ནས་སྔར་གྱི་དགོན་གནས་སྤོས་ཏེ་རྒྱལ་སྟོན་རྫོང་གི་ཉེ་འདབས་སུ་རྔུལ་ཆུའི་ཉེ་འགྲམ་ས་དཔྱད་ཕུན་སུམ་ཚོགས་པ་གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད། རྒྱབ་རི་བཀྲ་ཤིས་རྟགས་བརྒྱད། མདུན་རི་ནོར་བུ་མེ་འབར་སོགས་ལྗོན་ཤིང་རྩི་ཤིང་སྣ་ཚོགས་ཀྱི་འཁོར་ཡུག་ཀུན་དཀྲིགས་པའི་དབུས་སུ་སྒྲུབ་གནས་ཀྱི་ཡོན་ཏན་མ་ཚང་བ་མེད་པའི་གནས་མཆོག་དེར་ཕྱག་བཏབ་ཅིང་དགོན་གྱི་མིང་དུ་ཡང་སྔ་འགྱུར་འོད་གསལ་བཤད་སྒྲུབ་དར་རྒྱས་གླིང་ཞེས་གསོལ། དབུ་བླ་གཙོ་བོར་ཤར་སྤྲུལ་གར་དབང་རྒྱ་མཚོ་མཆོག་བསྐོ་བཞག་བརྩལ། དམ་པ་འདི་ཉིད་ནི་བསྟན་དོན་ཁ་ོན་ཐུགས་སུ་དམིགས་ཏེ་ཉི་གྲགས་ཀྱི་གཏེར་ཆོས་ཡོངས་རྫོགས་ཀྱི་ཞལ་ཐང་གསར་བཞེངས་སོགས་བསྟན་དང་འགྲོ་བ་སྤྱི་དང་བྱེ་བྲག་ཉི་གྲགས་ཀྱི་བསྟན་རྩ་ལ་བཀའ་དྲིན་སླར་ལྷག་ཏུ་ཆེ་བ་མ་ཟད་ཉི་སྤྲུལ་མཆོག་ནས་སློབ་མ་ཡོངས་ཀྱི་མཆོག་ཏུ་བཀུར། མཐར་དགུང་ལོ་སོ་གསུམ་ཉེ་བ་ན་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་ཡོངས་རྫོགས་རྒྱ་ནག་ཀླ་ཀློའི་དཔུང་གི་རྨང་ནས་བཤིགས་པ་དང་དེ་འཛིན་གྱི་བསྟན་འཛིན་སྐྱེས་བུ་གྲངས་ལས་འདས་པ་སྐུ་སྲོག་དཀྲོངས་སྐབས་སུ་དམ་པ་ཉིད་རྒྱ་དམར་གྱི་མཚོན་འོག་ཏུ་སྐུ་སྲོག་ཤོར།


3rd Shartul Rinpoche སྐུ་ཕྲེང་གསུམ་པ་ཤར་སྤྲུལ་ཀུན་བཟང་དམ་ཆོས་རྒྱ་མཚོ་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་ནང་གསེས་རྔུལ་རྫ་ཟལ་མོ་སྒང་གི་ཆར་གཏོགས་པ་ཡུལ་གྲུ་དགེ་མཚན་དུ་མ་དང་ལྡན་པའི་ཆུ་བོ་རྒྱལ་མོ་རྔུལ་ཆུའི་ཉེ་འགྲམ་དུ། གྲུབ་ཆེན་ནག་པོ་ཐོག་འཕེན་གྱི་འཁྲུངས་ཡུལ་ཀེ་ཉིན་ཞེས་པ་ཡིད་དུ་འོང་བའི་ཡུལ་ལྗོངས་སུ་སྐྱེ་བོ་འབྱོར་པ་ཅན་དུ་མས་གང་བའི་ཡུལ་གྲོང་དེར། བྲག་ལ་རུས་སྦལ་གྱི་གཟུགས་སུ་ཡོད་པའི་སྟེང་རུས་མིང་བྱིའུ་ཚང་ཞེས་པ་མི་རབས་རེ་ལ་བསྟན་པ་ལ་སྲིད་ཞུ་སྒྲུབ་པའི་ཚད་མའི་སྐྱེས་བུ་བར་མ་ཆད་པར་བྱོན་པ། ཡབ་རབ་རྒྱས་དང་ཡུམ་ཆོས་ལ་དཀར་ཞིང་དང་བ་དང་མོས་གུས་ཆེ་བ་བསོད་ནམས་ཆོས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་༡༦སྤྱི་ལོ་༡༩༧༤ཟླ་༥ཚེས་༡༡ཤིང་ཕོ་སྟག་གི་ས་ག་ཟླ་བའི་ཚེས་བཅུ་ཉིན་སྙིགས་དུས་ཀྱི་སྐྱེ་འགྲོ་བསོད་ནམས་དཔལ་དགོན་དུ་ངོ་མཚར་བའི་ལྟས་དང་བཅས་ལྷུམ་གྱི་འདབ་ལས་གྲོལ།

དེའི་སྐབས་སུ་བྱིས་པའི་རྩེ་མོ་མཛད་པའང་དབང་བསྐུར་ཆོས་འཆད་རི་འགྲིམ་སྒོམ་སྒྲུབ་བྱེད་ཚུལ་སོགས་ལས་ཐ་མལ་གྱི་སྤྱོད་པ་ཡེ་ནས་མི་མངའ།

མཁའ་འགྲོ་ཀུན་བཟང་རིན་པོ་ཆེ་ནས་ཤར་སྤྲུལ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། གཞན་ཡང་སྐྱབས་རྗེ་པད་ནོར་རིན་པོ་ཆེ་དང་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རྣམ་གཉིས་ནས་དགོངས་པ་རྩེར་མཐུན་གྱིས་ངོས་འཛིན་གྱི་བཀའ་རྟགས་གནང་།

དགུང་ལོ་བཞི་ནས་རྡོ་རྗེ་དོན་གྲུབ་ལགས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སྦྱངས་གནང་སྐབས་ཡི་གེའི་ཕྱི་མོ་ལན་གསུམ་ཀློག་པ་ཙམ་གྱིས་མཁྱེན། ཇ་ཡུན་ཙམ་དུ་གདུག་དཀར་མཆོག་གྲུབ་མ་ཐུགས་འཛིན་གནང་བས་ཀུན་གྱིས་ཐུགས་རབ་ཆེ་བའི་ཚད་དུ་གླེངས། དགུང་ལོ་དགུའི་ཐོག་ཏུ་རྫོགས་ཆེན་མཁན་པོ་ཐུབ་བསྟན་རྣམ་རྒྱལ་གྱི་དྲུང་ནས་སྐྱབས་འགྲོའི་སྡོམ་པ་དང་། བྱང་ཆུབ་སེམས་སྡོམ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ལུང་སོགས་གསན། དགུང་ལོ་བཅུ་གཅིག་གི་ཐོག་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པ་སྐྱབས་རྗེ་བླ་མ་བློ་གྲོས་བཟང་པོའི་མདུན་ནས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་དང་གསང་བདེ་འཇིགས་གསུམ་དང་ལམ་རིམ་དབང་ཁྲིད་གསན་སྐབས་ཐུགས་རབ་ཆེ་བ་གཟིགས་པས་ཁམས་འདན་མ་སྤྲུལ་སྐུའི་ཡང་སྲིད་ཀྱང་ཡིན་ཞེས་གསུངས་ཏེ་ཐུགས་རྩིས་ཆེ་བར་མཛད།

དགུང་ལོ་བཅུ་གསུམ་ཐོག་ནག་ཆུ་གཉན་རོང་རྫོང་བཞུགས་སྐྱབས་རྗེ་གཏེར་སྨྱོན་ནམ་མཁའ་རྡོ་རྗེའམ་ལྷ་ཐོག་སྤྲུལ་སྐུ་མདུན་ནས་བཀའ་དགོངས་ཕུར་གསུམ་དང་ཀརྨ་གླིང་པའི་ཞི་ཁྲོ། སྙིང་ཐིག་སྔོན་འགྲོ་གཅོད་དབང་ནམ་མཁའ་སྒོ་འབྱེད་དབང་ལུང་སོགས་གསན། དེ་ནས་གདན་སར་ཕེབས་ཏེ་ཟླ་བ་གསུམ་རིང་ཀརྨ་གླིང་པའི་ཞི་ཁྲོའི་བསྙེན་ཆེན་བསྐྱིལ།

དེ་རྗེས་རྒྱ་སྟོན་འབྲུག་པ་བཀའ་བརྒྱུད་ཀྱི་ཆོས་རྒྱུད་འཛིན་པ་བདེ་སྟོང་དགོན་གྱི་གྲུབ་ཆེན་འཇམ་དབྱངས་རིན་པོ་ཆེའི་མདུན་ནས་འཇའ་ཚོན་དཀོན་མཆོག་སྤྱི་འདུས་དང་སྔོན་འགྲོའི་ཁྲིད། འོད་དཔག་མེད་ཀྱི་སྒྲུབ་ཐབས་སོགས་གསན།

དགུང་ལོ་བཅུ་བཞི་ཐོག་མདོ་ཁམས་ཀྱི་གྲུབ་དབང་ཀརྨ་ནོར་བུའི་སློབ་མ་ཀརྨ་བཀྲ་ཤིས་འོད་ཟེར་གྱི་དྲུང་ནས་བཅུད་ལེན་གྱི་གདམས་པ་དང་རྩ་རླུང་གཏུམ་མོ་བཅས་ཀྱི་དབང་ཁྲིད་གསན།

དེ་ནས་གདན་ས་རང་དགོན་དུ་ས་ག་ཟླ་བའི་ཚེས་བཅུ་ལྔ་ཉིན་བཅད་མཚམས་གནང་སྟེ་བཀའ་བརྒྱད། དགོངས་འདུས། ཕུར་པ། གུ་རུ་ཞི་དྲག་སེང་གསུམ་གྱི་བསྙེན་ཆེན། འཇའ་ཚོན་གྱི་སྔོན་འགྲོ། སྙིང་ཐིག་སྔོན་འགྲོ། སྨྱུང་གནས་ཆ་སུམ་ཅུ་སོ་བརྒྱད་བཅས་མདོར་ན་ལོ་གསུམ་ཟླ་གསུམ་རིང་སྐུ་མཚམས་དམ་པོར་བཞུགས།

དགུང་ལོ་བཅུ་བདུན་གྱི་ཐོག་ལོ་གསུམ་ཟླ་གསུམ་བཅད་རྒྱ་ལས་གྲོལ། དེ་ནས་བཟུང་དེ་ལོ་ལྟར་ལོ་གཅིག་དང་ཟླ་བ་བདུན་ཟླ་བ་གསུམ་མ་ཆག་པར་སྐུ་མཚམས་སུ་ད་ལྟའི་བར་བཞུགས་གནང་མཛད།

དགུང་ལོ་བཅོ་བརྒྱད་ཐོག་ལྷ་ས་རུ་གནས་མཇལ་ལ་ཕེབས་ནས་འབྲི་གུང་སྤྲེལ་ལོའི་འཕོ་བ་ཆེན་པོ་སོགས་ཞུས་ཅིང་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་མན་ངག་སོགས་གསན།

ལོ་དེར་ཕ་ཡུལ་དུ་ཕྱིར་ཕེབས་ནས་ཀེ་ཉིན་གྲོང་དུ་བདུད་འདུལ་མཆོད་རྟེན་ཞིག་བཞེངས། དགུང་ལོ་བཅུ་དགུའི་ཐོག་འཕགས་ཡུལ་དུ་ཕེབས་ཏེ།

དགུང་ལོ་ཉི་ཤུ་ཐོག་སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་ནས་རིན་ཆེན་གཏེར་མཛོད་དབང་དང་ཁྲིད། སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེའི་མདུན་ནས་ལུང་སོགས་གསན། སྐྱབས་རྗེ་རི་པ་སྤྲུལ་སྐུ་ནམ་མཁའ་རིན་པོ་ཆེ་མཆོག་ནས་གེ་སར་གྱི་གཏེར་ཆོས་དབང་ལུང་ཡོངས་རྫོགས་གསན། གཞན་ཡང་གོང་ས་མཆོག་གི་སྐུ་མདུན་ནས་དུས་འཁོར་གྱི་བཀའ་དབང་གསན།

དགུང་ལོ་ཉེར་གཅིག་གི་ཐོག་རང་དགོན་ཕོ་བྲང་དགོན་དུ་བཤད་གྲྭའི་ནང་དགེ་འདུན་བརྒྱ་ཐམ་པ་སློབ་གཉེར་གནང་རྒྱུའི་ཐད་འགྲོ་སོང་རིག་པ་ཆོས་ཚོགས་ནས་གཏང་རྒྱུ་བསོད་རྒྱལ་རིན་པོ་ཆེ་ནས་ཞལ་བཞེས་གནང་སྟེ་སླར་བོད་དུ་ཕེབས།

སྐབས་དེར་རིན་ཆེན་གཏེར་མཛོད་ཆེན་མོའི་བསྙེན་མཚམས་ཟླ་བ་བདུན་ལ་བཞུགས་ཅིང་། ལས་རུང་གནད་སྨིན་གྱི་སྦྱིན་སྲེག་བཅས་བསྒྲུབས་པར་གྱིས། གཞན་ཡང་ཕོ་བྲང་དགོན་དུ་འདུ་ཁང་ཀ་བ་སོ་གཉིས་ཡོད་པ་ཞིག་དང་དགེ་འདུན་བརྒྱ་ཐམས་པའི་བཞུགས་ཤག་གསར་བཞེངས་ཀྱི་རྨང་གཞི་གཏིང་དེ་ཐུགས་འགན་འཁུར་གནང་མཛད། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་བསྟན་པ་ཚུལ་བཞིན་འཛིན་སྐྱོང་གནང་སྐབས་སུ་བར་ཆད་སྣ་ཚོགས་ཡོང་བ་སྨོས་མེད་ཐོག་རིག་པ་ཆོས་ཚོགས་ནས་འགྲོ་འགྲོན་གཏང་རྒྱུ་དང་། བཤད་གྲྭ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་ཚུལ་སོགས་རྒྱ་ནག་དམར་པོའི་གཞུང་ནས་འཁྱོག་བཤད་སྣ་ཚོགས་བྱས་ཏེ་སློབ་གཉེར་བྱེད་ཡུལ་བཤད་གྲྭ་བཞེང་རྒྱུ་ཆོག་མཆན་མ་ཐོབ་བར་བརྟེན།

སླར་ཡང་དགུང་ལོ་ཉེར་ལྔའི་ཐོག་འཕགས་ཡུལ་དུ་བསྟན་དོན་ཁོ་ནར་ཐུགས་སུ་བཅངས་ཏེ་ཕེབས།

སྐབས་དེར་ཉི་སྤྲུལ་བདུན་པ་གོང་ས་མཆོག་ནས་ངོས་འཛིན་གནང་བའི་སྐྱེས་བུ་དེ་ཡང་། སྤྱིར་སྙིགས་ལྔའི་རང་མདངས་དར་བ་དང་། བྱེ་བྲག་སེམས་ཅན་གྱི་བསོད་ནམས་དམན་པའི་དབང་གིས་མཆོག་སྤྲུལ་ཉིད་བལ་ཡུལ་དུ་བསླབ་པ་སློབ་གཉེར་མ་གནང་བར་ཐུགས་འདོད་བཞིན་འཇིག་རྟེན་པའི་བྱ་བ་སྣ་ཚོགས་གནང་བཞིན་བཞུགས་པ་དེ་ཡང་། གོང་ས་མཆོག་གི་སྐུ་མདུན་དུ་བཅར་སྟེ་ཡང་སྲིད་རིན་པོ་ཆེའི་སྐོར་བཀའ་མོལ་ཞིབ་རྒྱས་ཞུས་གནང་སྟེ། གོང་ས་མཆོག་ནས་ཉི་གྲགས་གཏེར་ཆེན་གྱི་ཆོས་སྐོར་དང་ཉི་སྤྲུལ་རིན་པོ་ཆེ་ལ་ཐོས་བསམ་སློབ་གཉེར་ཕུལ་དགོས་པའི་བཀའ་ཕེབས་གནང་། གོང་ས་མཆོག་གི་བཀའ་ཕེབས་ཇི་བཞིན་ཉི་སྤྲུལ་རིན་པོ་ཆེ་སྦིར་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭའི་ནང་སློབ་གཉེར་གནང་བར་ཆེད་མངགས་སྐྱེལ་གནང་མཛད། གཏེར་ཆེན་ཉི་གྲགས་ཀྱི་བསྟན་པ་དང་གཏེར་ཆོས་དར་སྤེལ་གནང་རྒྱུ་ཐུགས་མདུན་ཆེ་བར་རྟེན། རྒྱ་གར་འཕགས་ཡུལ་ཅོན་ཏར་རུ། ཉི་གྲགས་དགོན་ཟབ་གསང་ཆོས་འཁོར་གླིང་ཞེས་པ་གསར་བཞེངས་དང་། ཡང་སྲིད་རིན་པོ་ཆེར་དབང་ལུང་ཕུལ་རྒྱུ་ཐད་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེར་ཞུས་པའི་ཞལ་བཞེས་བཟང་པོར་གནང་།

གཞན་ཡང་འཛམ་གླིང་ཤར་ནུབ་ཀྱི་དད་ལྡན་སློབ་མ་རྣམས་ལ་ནང་ཆོས་འཆད་སྤེལ་དང། བོད་ནང་ལ་ཉི་གྲགས་གཞིས་དགོན་མི་ཉུང་བ་ཞིག་ལ་དཔལ་འབྱོར་སོགས་རོགས་སྐྱོར་གནང་དང་གནང་བཞིན་པ་རེད། ཁྱད་པར་བོད་ཕྱི་ནང་གཉིས་སུ་རིགས་འཛིན་ཉི་མ་གྲགས་པའི་གཏེར་ཆོས་ཀྱི་དབང་ལུང་མི་ཉམས་བརྒྱུད་འཛིན་གནང་རྒྱུའི་ཆེད། གཏེར་ཆོས་ཡོངས་རྫོགས་གློད་ཀླད་ནང་དུ་གསར་དུ་བཅུག་ནས་དཔར་སྐྲུན་ཚར་ལྔ་བརྒྱ་ཙམ་གནང་ཡོད། མདོར་ན་ཉིན་མཚན་བར་མེད་བསྟན་དོན་ལ་ཐུགས་བརྩོན་མཛད་བཞིན་བདག་ཅག་རྣམས་ཀྱི་མགོན་དུ་བཞུགས་པ་འདི་ནི་ཤིན་ཏུ་བཀའ་དྲིན་གཞལ་ཟླ་དང་བྲལ་བའོ། །


ཞེས་པ་འདི་ཡང་གང་གི་སྐྱབས་འོག་ཏུ་ཚུད་པ་ཀུན་བཟང་ལུང་རྟོག་གམ་བརྡ་སྤྲོད་ཀུན་བཤད་ཀྱི་བཏགས་མིང་དུ། མཚོ་བྱུང་སྨྲ་བའི་ཟླ་བའི། ཤར་སྤྲུལ་རིན་པོ་ཆེས་སྐུ་ཕྲེང་གཉིས་པའི་རྣམ་ཐར་རྒྱས་པ་ལ་གཞིར་བྱས་སྟེ། སྐུ་ཕྲེང་གསུམ་གྱི་རྣམ་ཐར་ཤིན་ཏུ་རག་བསྡུས་ཞིག་དད་གུས་ཆེན་པོའི་བྲིས་པ་ལགས་ན། གང་གི་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་སྨོན་འདུན་ཞུ།། །།

©2011 Nyidrak Drodul Ling Center.